← 返回首页
ཝང་ཅུན་ཀྲེང་གིས་ཁྲོན་བོད་ལྕགས་ལམ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཝང་ཁྲོང་ལུའུ་བཅས་པ་དང་བཞུགས་མོལ་གནང་བ།
  • ཝང་ཅུན་ཀྲེང་གིས་ཁྲོན་བོད་ལྕགས་ལམ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཝང་ཁྲོང་ལུའུ་བཅས་པ་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-15

    འདི་ནི་ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཁྲོན་བོད་ལྕགས་ལམ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དང་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཁྲོང་ལུའུ་དང་བཞུགས་མོལ་གནང་བཞིན་པ།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཁྲོན་བོད་ལྕགས་ལམ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དང་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཁྲོང་ལུའུ་དང་བཞུགས་མོལ་གནང་བ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ཝང་ཁྲོང་ལུའུ་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ། ཁྲོན་བོད་ལྕགས་ལམ་ཚད་ཡོད་ཀུང་སིས་དུས་ཡུན་རིང་པོའི་ནང་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། ནུབ་རྒྱུད་ཐོན་འབྱེད་ཆེ་མོ་ནི་ཏང་ཀྲུང་དབྱང་གིས་འཐབ་ཇུས་ཀྱི་མཐོ་ཚད་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་བཏང་གནང་ཡོད། ཁྲོན་བོད་ལྕགས་ལམ་འཆར་འགོད་དང་འཛུགས་སྐྲུན་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་དང་། བཀོད་སྒྲིག སྐུལ་འདེད་བཅས་གནང་བའི་འཐབ་ཇུས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་ལག་བསྟར་བྱེད་པའི་མཚོན་རྟགས་རང་བཞིན་གྱི་ལས་གྲྭའི་གྲས་ཤིག་རེད། ཁྲོན་བོད་ལྕགས་ལམ་སོགས་རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭར་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག་རེད། དེ་ནུབ་རྒྱུད་ས་ཁུལ་དང་ལྷག་པར་དུ་སི་ཁྲོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། བོད་ནི་དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་མཁན་ཞིང་ཆེན་གལ་ཆེན་ཞིག་ཡིན་པ་དང་འགན་འཁྲི་གལ་ཆེན་འཁུར་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གིས་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བར་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱེད་པ། རང་རྟོགས་ངང་བོད་ཀྱི་ལས་དོན་དེ་རྒྱལ་ཁབ་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་དུས་རབས་གསར་པའི་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་ཇུས་འགོད་དང་སྐུལ་འདེད་གཏོང་བ། ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་དང་རང་འགུལ་ངང་རང་འགན་ཐེག་པ་ཁུར་ལེན་བྱེད་པ། བྱེད་ནུས་ངེས་གནས་ལ་དམིགས་ནས་དོན་དངོས་དང་བསྟུན་རྒྱུ་མཐའ་འཁྱོངས་བྱེད་པ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ། ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་རྒྱ་མགྱོགས་མྱུར་སྐྲུན་པ། རྒྱལ་ཁབ་ཀྱི་ས་ཁོངས་གལ་ཆེན་འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་ནང་རང་འགུལ་ངང་ཧུར་ཐག་ཞུགས་པ། ས་ཁོངས་ཀྱི་སྤྱི་ཡོངས་སྟོབས་ཤུགས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བཞིན་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། འགྲིམ་འགྲུལ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པས། ཕྱོགས་གཉིས་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནུབ་རྒྱུད་ཐོན་འབྱེད་ཆེ་མོ་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཐུན་མོང་ཐོག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་སྐྲུན་པ་བཅས་བྱས་ཏེ། མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་ཡག་པོ་བྱེད་པ་དང་འཕེལ་རྒྱས་ཡག་པོ་གཏོང་བའི་རེ་བ་ཡོད། བོད་ཀྱིས་རྩ་འཛུགས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་མཐུན་སྦྱོར་ཞབས་ཞུའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་། གཙོ་རྒྱུའི་བཀོད་སྒྲིག་སྣ་ཚོགས་དོན་འཁྱོལ་བྱེད་པ། རྣམ་གྲངས་སྤེལ་བར་ཁོར་ཡུག་བཟང་པོ་སྐྲུན་པ། ལག་གདང་སྦྲེལ་ནས་གངས་ལྗོངས་ས་མཐོའི་མཐུན་སྒྲིལ་དང་བདེ་སྐྱིད་ལམ་བུ་གཏོད་པ་བཅས་བྱས་ཏེ། ལྕགས་ལམ་གྱིས་རྒྱལ་ཇུས་དམངས་འཚོར་ཞབས་འདེགས་ཞུ་བའི་ནུས་པ་གལ་ཆེན་ཏན་ཏིག་འདོན་གྱི་ཡིན།

    ཝང་ཁྲོང་ལུའུ་ཡིས་བོད་ཀྱིས་ཁྲོན་བོད་ལྕགས་ལམ་ཚད་ཡོད་ཀུང་སིར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཉེ་བའི་ལོ་ཤས་རིང་བོད་ཀྱི་ལྕགས་ལམ་དྲ་རྒྱ་གཉེར་སྐྱོང་འཛུགས་སྐྲུན་བྱེད་རིང་གི་ཁེ་ལས་ཀྱི་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་ཞིང་། ཁོང་གིས། བོད་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བས། ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱའི་གྲུབ་འབྲས་རགས་ཙམ་མངོན་ཡོད། ཁྲོན་བོད་ལྕགས་ལམ་ཚད་ཡོད་ཀུང་སིས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དོན་འཁྱོལ་ཧུར་ཐག་བྱས་ནས་ནུབ་རྒྱུད་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་བའི་གོ་སྐབས་གལ་ཆེན་དམ་འཛིན་བྱེད་པ་དང་། བོད་ཀྱི་ལྕགས་ལམ་འཛུགས་སྐྲུན་གྱི་དགོས་མཁོ་དང་རང་འགུལ་ངང་འབྲེལ་མཐུད་བྱེད་པ། དངོས་སྒྲུབ་མཉམ་ལས་སྔར་བས་ཟབ་ཏུ་གཏོང་བ། བོད་ཀྱི་ལྕགས་ལམ་དྲ་རྒྱའི་བཀོད་པ་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ། ལྕགས་ལམ་སྐྱེལ་འདྲེན་གྱི་མཁོ་སྤྲོད་ཆུ་ཚད་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་གྱི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།