← 返回首页
ལྷོ་ཨ་ཧྥེ་རི་ཁས་བྱེད་ཐབས་སྣ་ཚོགས་སྤྱད་དེ་གཞོན་ནུའི་ལས་གཏོད་ལས་ཞུགས་ཀྱི་མི་མངོན་པའི་ནུས་པར་སྐུལ་སྤེལ་བཏང་བ།
  • ལྷོ་ཨ་ཧྥེ་རི་ཁས་བྱེད་ཐབས་སྣ་ཚོགས་སྤྱད་དེ་གཞོན་ནུའི་ལས་གཏོད་ལས་ཞུགས་ཀྱི་མི་མངོན་པའི་ནུས་པར་སྐུལ་སྤེལ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཙོའུ་སུང་།   |     སྤེལ་དུས།  2026-05-16

    ལྷོ་ཨ་ཧྥེ་རི་ཁའི་བསྡོམས་རྩིས་ཅུས་ཀྱིས་ཟླ་5ཚེས་12ཉིན་ཡོངས་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པར། འདི་ལོའི་དུས་ཚིགས་དང་པོར་རྒྱལ་ཁབ་དེའི་འགག་རྩའི་བཟོ་སྐྲུན་ལས་རིགས་དང་། གཏེར་འདོན་ལས་རིགས། ཞིང་ལས་བཅས་ཀྱི་ལས་ཞུགས་ལས་གནས་ལྡོག་འཕར་བྱུང་ནས་ལས་ཞུགས་ལས་གནས་ཁྲི་3.8དང་། ཁྲི་3.2 ཁྲི་1བཅས་སོ་སོར་མང་དུ་ཕྱིན་ཡོད། གཞོན་ནུའི་ལས་ཞུགས་ནི་ལྷོ་ཨ་ཧྥེ་རི་ཁའི་དམངས་འཚོ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲོས་གཞི་གལ་ཆེན་ཞིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་དེའི་སྲིད་གཞུང་གིས་ཆེད་དོན་ཐེབས་རྩ་འཛུགས་པ་དང་། ལས་ཞུགས་ལས་གནས་རྒྱ་ཆེར་གཏོང་བ། རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཉོ་སྒྲུབ་སྲིད་ཇུས་ལེགས་སུ་གཏོང་བ་སོགས་ཀྱི་སྣ་འདུས་བྱེད་ཐབས་བརྒྱུད་གཞོན་ནུའི་ལས་གཏོད་ལས་ཞུགས་རྒྱ་ཆེར་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད། གཞོན་ནུའི་ལས་གཏོད་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད། 2025ལོའི་ཟླ་10པའི་ཟླ་མཇུག་ཏུ་ལྷོ་ཨ་ཧྥེ་རི་ཁ་སྲིད་གཞུང་གིས་ལན་ཐེ(ལན་ཐེ་གཅིག་ལ་མི་དམངས་ཤོག་སྒོར་0.41དང་མཚུངས)དུང་ཕྱུར་25ཡི་གཞོན་ནུའི་ཐེབས་རྩ་དངོས་སུ་བཙུགས་པ་དང་། རོགས་སྐྱོར་མ་ལག་དེ་ལས་དེ་སྔོན་གྱི་གྲངས་ཉུང་ཁ་གསབ་བྱེད་སྟངས་ནས་དངུལ་བུན་དང་རྐང་དབང་ཟུང་འབྲེལ་གྱི་དུས་ཡུན་འབྲིང་རིང་གི་མ་འཇོག་ལམ་སྲོལ་ལ་བསྒྱུར་ཏེ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་ཕྱིན་ཡོད། ཐེབས་རྩ་དེས་ཞིང་ལས་དང་། བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ། བཟོ་ལས་འཕེལ་རྒྱས། ས་ཁང་བདག་ཁོངས་སོགས་ཁྱབ་ཁོངས་ལ་དམིགས་ནས་ཁེ་ལས་ལ་ལན་ཐེ་ཁྲི་75ནས་ཁྲི་200བར་གྱི་མ་དངུལ་རྒྱབ་སྐྱོར་ཐུབ་རྒྱུ་རེད། ཐེབས་རྩའི་ཡོང་ཁུངས་ཐད། རྒྱལ་ཁབ་གཞོན་ནུ་འཕེལ་རྒྱས་ཧྲུའུ་ཡིས་གྲབས་གསོག་མ་དངུལ་ལན་ཐེ་དུང་ཕྱུར་12བཏང་བ་དང་ས་གནས་སྲིད་གཞུང་གིས་ལེ་ལག་ཚང་བའི་ཞལ་འདེབས་བརྒྱབ་པ་ཕུད། འབྲེལ་ཡོད་སྡེ་ཚན་གྱིས་ད་དུང་དངུལ་རྩའི་སྒྲིག་གཞི་དང་གཏེར་ལས་ཁེ་ལས་དང་མཉམ་དུ་མ་དངུལ་བཏང་ནས་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་ཙམ་ལྡན་པའི་ཁེ་ལས་འབྲིང་ཆུང་ལ་གཙོ་གནད་ཐོག་རོགས་སྐྱོར་བྱས་པ་རེད།

    རྨང་གཞིའི་སློབ་གསོའི་ལས་ཞུགས་འཆར་གཞི་ནི་ལྷོ་ཨ་ཧྥེ་རི་ཁའི་མིག་སྔའི་གཞི་ཁྱོན་ཆེ་ཤོས་ཀྱི་གཞོན་ནུའི་ལས་ཞུགས་རྣམ་གྲངས་ཀྱི་གྲས་ཤིག་དང་སྲིད་གཞུང་གི་ལས་ཞུགས་ཡར་སྐུལ་ཇུས་གཞིའི་གྲུབ་ཆ་གལ་ཆེན་ཞིག་རེད། རྨང་གཞིའི་སློབ་གསོ་པུའུ་དང་ངལ་རྩོལ་ལས་བཟོ་པུའུ་སོགས་སྡེ་ཚན་མང་པོས་མཉམ་འབྲེལ་ཐོག་སྐུལ་འདེད་གཏོང་བཞིན་ཡོད། མིག་སྔར་འཆར་གཞི་དེ་ལག་བསྟར་དུས་མཚམས་ལྔ་པར་སླེབས་པ་དང་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁྲི་2.2ཙམ་ལ་ཁྱབ་ནས་གཙོ་གནད་ཐོག་གཞོན་ནུར་སློབ་གྲྭའི་རམ་འདེགས་རིགས་ཀྱི་ལས་གནས་མཁོ་འདོན་བྱེད་བཞིན་ཡོད། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་གཞོན་པ་མ་ཧྲ་ཏི་ལའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། 2025ལོའི་ལོ་སྟོད་ཁོ་ནར་གཞོན་ནུ་ཁྲི་20.5འཆར་གཞི་དེ་བརྒྱུད་ལས་ཞུགས་ཐུབ་ནས་གཞོན་ནུའི་ལས་ཞུགས་ཀྱི་གནོན་ཤུགས་ཆུང་དུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད།

    བྱེད་ཐབས་རབ་དང་རིམ་པར་ཕན་འབྲས་ཐོབ་ནས་ལྷོ་ཨ་ཧྥེ་རི་ཁའི་གཞོན་ནུའི་ལས་གཏོད་ཀྱི་གསོན་ཤུགས་འཕེལ་བ་དང་འབྲེལ་གཞོན་ནུ་དེ་བས་མང་པོ་ལས་ཞུགས་ཐུབ་པར་སྐུལ་མ་ཐེབས་པ་དཔེར་ན། ལྷོ་ཨ་ཧྥེ་རི་ཁའི་གཞོན་ནུ་ཐེ་ལུའུ་ཏི·མུའུ་ཁན་ཤིས་ཀྱིས་ལས་གཏོད་མ་དངུལ་ལ་བརྟེན་ནས་གཡོད་ཧན་ནེ་སི་པའོ་རུ་ཁང་ཕྱིའི་མཁོ་ཆས་ཀུང་སི་ཞིག་བཙུགས་པ་དང་། ལས་སྒོ་རྒྱ་སྐྱེད་བཏང་རྗེས་གཞོན་ནུ་མང་པོར་ལས་གནས་མཁོ་འདོན་བྱས་ཡོད། ཁུའེ་ཚི་ཝེ·ལུའུ་ཐུའུ་ལིས་རོགས་སྐྱོར་མ་དངུལ་ལ་བརྟེན་ནས་སྒྲིག་ཆས་གསར་བརྗེས་དང་པར་འདེབས་དང་གློག་ཀླད་ཉམས་གསོའི་ལས་སྒོ་གཉེར་རྒྱ་ཆེ་རུ་བཏང་བས་ལས་མི་མང་དུ་ཕྱིན་ཡོད། མ་དངུལ་རོགས་སྐྱོར་དང་ལེ་ལག་ཚང་བའི་གསོ་སྦྱོང་གིས་གཞོན་ནུ་ལས་གཏོད་པར“རང་ངོས་ལས་ཞུགས་དང་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི”འཁོར་རྒྱུག་བཟང་པོ་ཞིག་ཆགས་པ་དཔེ་མཚོན་དེ་དག་གིས་ར་སྤྲོད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།