← 返回首页
ཞི་ཅིན་ཕིང་དང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་རྣམ་གཉིས་ཀྱིས་ཐེན་ཐན་ལ་གཟིགས་སྐོར་གནང་བ།
  • ཞི་ཅིན་ཕིང་དང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་རྣམ་གཉིས་ཀྱིས་ཐེན་ཐན་ལ་གཟིགས་སྐོར་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-05-16

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ལྷན་དུ་ཐེན་ཐན་ལ་གཟིགས་སྐོར་གནང་བ་རེད།

    དབྱར་སྟོད་ཀྱི་ཐེན་ཐན་ལྷ་ཤིང་ཤུག་པས་བསྐོར་བ་དང་། བསིལ་རླུང་དལ་གྱིས་ལྡང་ཞིང་། ཞི་ཅིན་ཕིང་གིས་ཆི་ཉན་ཏེན་མཆོད་ཁང་དུ་ཐེ་རོན་ཕུ་འཚམས་འདྲིར་ཕེབས་པར་བསུ་བ་ཞུས་པ་རེད།

    ཞི་ཅིན་ཕིང་དང་ཐེ་རོན་ཕུ་རྣམ་གཉིས་ཀྱིས་བརྗིད་ཉམས་ལྡན་པའི་ཆི་ཉན་ཏེན་མཆོད་ཁང་གི་ཐང་ཆེན་དུ་ལྷན་བཞུགས་དྲན་རྟེན་མཉམ་པར་བསྐྱོན་པ་རེད།

    ཆི་ཉན་ཏེན་མཆོད་ཁང་རྔམ་བརྗིད་ལྡན་ཞིང་གཡུ་རྩི་ཅན་གྱི་མདའ་གཡབ་ནས་འོད་མདངས་ཆེམ་ཆེམ་དུ་འཕྲོ། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་རྡོ་སྐས་འཛེགས་ནས་ཆི་ཉན་ཏེན་མཆོད་ཁང་དུ་ཕེབས་ཏེ་མཐུད་ཁ་དང་བུ་ག དེ་བཞིན་གཞུ་ཆེན་དང་གཞུ་ཆུང་བཅས་ཧ་ཅང་ཆ་འགྲིག་པ་དང་། གནམ་རིག་སྐར་རྩིས་དང་མཆོད་ཁང་གི་གྲུབ་ཚུལ་གཞི་གཅིག་ཏུ་འདྲེས་པའི་ཨར་སྐྲུན་ཁྱད་ཆོས་ལ་ལྷན་དུ་གཟིགས་ཤིང་། དེ་ལས་དངོས་པོ་ཀུན་ཞི་ཞིང་མཐུན་པ་དང་དུས་ལ་བསྟུན་པའི་འདུ་ཤེས་མྱོང་ཚོར་ཐུབ་ཡོད།

    ཞི་ཅིན་ཕིང་གིས་གསུངས་དོན། 2017ལོར་ང་ཚོས་པེ་ཅིང་གི་དཀྱིལ་ཐིག་བརྒྱུད་གནའ་བོའི་ཕོ་བྲང་ལ་ལྟ་སྐོར་བྱས་པ་ཡིན། དེ་རིང་ལྟ་སྐོར་གནང་སའི་ཐེན་ཐན་དང་གནའ་བོའི་ཕོ་བྲང་གཉིས་སྐྲུན་མཉམ་ཡིན་ཞིང་། དེའི་མཚོན་དོན་ནི“གནམ་སྒོར་མོ་དང་ས་གྲུ་བཞི”ཡིན་པ་དེ་ཐོག་ནས་ཀྲུང་གོ་བའི་འཇིག་རྟེན་གྱི་ལྟ་བ་དང་མི་དང་མིའི་དབར་གྱི་འབྲེལ་འདྲིས་ཀྱི་མཚན་ཉིད་རིག་པ་ཡིན། ཀྲུང་གོའི་གནའ་རབས་ཀྱི་སྲིད་སྐྱོང་བས་ཐེན་ཐན་དུ་མཆོད་འབུལ་གྱི་མཛད་སྒོ་ཆེན་པོ་གཉེར་ནས། རྒྱལ་སྲིད་དར་ཞིང་འབངས་རྣམས་བདེ་ལ་འཁོད་པ་དང་ཆར་ཆུ་དུས་སུ་འབབ་པའི་སྨོན་ལམ་འདེབས་པ་དེ་ཐོག་ནས་དམངས་ནི་རྒྱལ་ཁབ་ཀྱི་རྩ་བ་ཡིན་པ་དང་རྩ་བ་བརྟན་ན་རྒྱལ་ཁབ་གཞི་ནས་བདེ་ལ་འཁོད་པའི་ཀྲུང་གོའི་སྲོལ་རྒྱུན་གྱི་བསམ་བློ་མཚོན་གྱི་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭའི་ཤེས་དཔལ་གྱི་མི་དམངས་རྩ་བར་འཛིན་པའི་དགོངས་པ་རྒྱུན་འཛིན་དང་འཕེལ་རྒྱས་བཏང་སྟེ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པར་མི་དམངས་ཀྱི་རྒྱབ་སྐྱོར་བརྟན་པོ་དང་བརྩི་བཀུར་བླ་མེད་ཐོབ་ཡོད།

    ཐེ་རོན་ཕུ་ཡིས་གསུངས་དོན། ལོ་དེར་གནའ་བོའི་ཕོ་བྲང་དུ་བསྐྱོད་པ་ད་ལྟའང་སེམས་ལ་གསལ་པོར་དྲན་གྱི་འདུག ཐེན་ཐན་བསྐྲུན་ནས་ལོ་600ལྷག་ཙམ་སོང་ཡང་སྔར་བཞིན་བརྗིད་ཉམས་ལྡན་པ་དང་འགྱིང་ངེར་གནས་པ་དེ་ཐོག་ནས་ཀྲུང་གོའི་ཁྱད་འཕགས་ཀྱི་གནའ་བོའི་བཟོ་སྐྲུན་སྒྱུ་རྩལ་དང་རྒྱ་ཆེ་ལ་གཏིང་ཟབ་པའི་སྲོལ་རྒྱུན་རིག་གནས་མངོན་བཞིན་ཡོད་པས། མི་རྣམས་ཀྱིས་བསྔགས་བརྗོད་བྱེད་འོས་པ་ཞིག་ཡིན། ཨ་ཀྲུང་ནི་རླབས་ཆེན་གྱི་རྒྱལ་ཁབ་གཉིས་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ནི་རླབས་ཆེན་གྱི་མི་དམངས་ཡིན་པས་བློ་གྲོས་ཀྱིས་རབ་ཏུ་ཕྱུག་ཡོད། རྒྱལ་ཁབ་གཉིས་པོས་ངེས་པར་དུ་ཕན་ཚུན་བསམ་ཤེས་ཟབ་མོ་བྱས་ནས་མི་དམངས་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་དགོས།

    ཚའེ་ཆི་དང་། ཝང་དབྱི། དབྱིན་ལི་སོགས་གོང་གསལ་གྱི་བྱེད་སྒོར་ཞུཌ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།