ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་གྲོས་མོལ་གནང་བ།
ཟླ་5ཚེས་14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་གྲོས་མོལ་གནང་བ།
ཟླ་5ཚེས་14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་ཐེ་རོན་ཕུར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་གྲོས་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། མིག་སྔར་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པ་དང་རྒྱལ་སྤྱིའི་དུས་བབ་ཟང་ཟིང་དང་རྙོག་འཛིང་ཆེ་བས་ཀྲུང་ཨ་རྒྱལ་ཁབ་གཉིས་པོས“ཤིའུ་ཞི་ཏི་ཏེའི་དོང་རྙི”ལས་བསྒྲལ་ནས་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་དཔེ་རྣམ་གསར་པ་གཏོད་ཐུབ་མིན་དང་། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་བཅག་སྟེ་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དེ་བས་མང་བ་སྣོན་ཐུབ་མིན། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་དང་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་དམིགས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་ཐུབ་མིན་བཅས་ནི་ལོ་རྒྱུས་ཀྱི་དྲི་བ་དང་། འཛམ་གླིང་གི་དྲི་བ། མི་དམངས་ཀྱི་དྲི་བ་བཅས་ཡིན་ལ། རྒྱལ་ཁབ་ཆེན་པོའི་འགོ་ཁྲིད་པས་ཐུན་མོང་ཐོག་ལན་འདེབས་དགོས་པའི་དུས་རབས་ཀྱི་རྒྱུགས་ལན་ཞིག་ཀྱང་རེད། ངས་ཙུང་ཐུང་ཐེ་རོན་ཕུ་དང་མཉམ་དུ་ཀྲུང་ཨའི་འབྲེལ་བའི་གྲུ་གཟིངས་ཆེན་པོ་འདིར་ཁ་སྒྱུར་ཕྱོགས་སྟོན་ཡག་པོ་བྱས་ཏེ། 2026ལོ་ཀྲུང་ཨའི་འབྲེལ་བའི་སྔ་འཛིན་ཕྱི་གཏོད་ཀྱི་ལོ་རྒྱུས་རང་བཞིན་དང་མཚོན་རྟགས་རང་བཞིན་གྱི་ལོ་ཞིག་ཏུ་འགྱུར་བ་བྱེད་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཨའི་འབྲེལ་བ་བརྟན་པོ་དང་། སྐྱོན་བྲལ། རྒྱུན་མཐུད་ཆོག་པ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་གཏོང་བར་གཞོལ་བཞིན་ཡོད། ང་དང་ཙུང་ཐུང་ཐེ་རོན་ཕུས“ཀྲུང་ཨའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བ”འཛུགས་རྒྱུ་དེ་ཀྲུང་ཨའི་འབྲེལ་བའི་ངེས་གནས་གསར་པར་བརྩིས་ནས་འབྱུང་འགྱུར་ལོ་3དང་ཐ་ན་དུས་ཚོད་དེ་བས་རིང་བའི་ཀྲུང་ཨའི་འབྲེལ་བར་འཐབ་ཇུས་ཀྱི་ཁྲིད་སྟོན་བྱེད་ཀྱི་ཡིན་པས། དེར་རྒྱལ་ཁབ་གཉིས་པོའི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགའ་བསུ་ཐོབ་རྒྱུའི་ཡིད་ཆེས་ཡོད། “དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང”ནི་མཉམ་ལས་གཙོ་བོར་བྱེད་པའི་དྲང་ཕྱོགས་ཀྱི་བརྟན་ལྷིང་ཞིག་དང་། ཚད་ལྡན་འགྲན་རྩོད་ཀྱི་བཟང་ཕྱོགས་ཀྱི་བརྟན་ལྷིང་ཞིག མི་མཐུན་པ་ཚོད་འཛིན་ཐུབ་པའི་རྒྱུན་རྣམ་གྱི་བརྟན་ལྷིང་ཞིག ཞི་བདེ་རེ་སྒུག་གི་ཡུན་རིང་གི་བརྟན་ལྷིང་ཞིག་བཅས་ཡིན་དགོས། “ཀྲུང་ཨའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བ”ནི་འབོད་ཚིག་ཙམ་མིན་པར་ཕྱོགས་མཐུན་མདུན་སྐྱོད་བྱེད་པའི་བྱ་སྤྱོད་ཅིག་ཡིན་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཨའི་དཔལ་འབྱོར་ཚོང་དོན་འབྲེལ་བའི་ངོ་བོ་ནི་གཉིས་ཁེ་གཉིས་ཕན་ཡིན་པས། མི་མཐུན་པ་དང་རྩོད་གཞི་འཕྲད་སྐབས་འདྲ་མཉམ་གྲོས་མོལ་བྱེད་པ་ནི་ཡང་དག་པའི་གདམ་ག་འབའ་ཞིག་དེ་རེད། ཚེས་13ཉིན་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་ཚོགས་པར་སྤྱི་ཡོངས་དོ་མཉམ་དང་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ་དེ་ནི་རྒྱལ་ཁབ་གཉིས་པོའི་མི་སེར་དང་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་ངོས་ནས་བརྗོད་ན་གཏམ་བཟང་ཞིག་རེད། ཕྱོགས་གཉིས་པོས་མིག་སྔའི་ལས་སླ་པོར་བྱུང་བ་ཞིག་མིན་པའི་འཕེལ་ཕྱོགས་བཟང་པོར་མཉམ་དུ་སྲུང་སྐྱོང་ཡག་པོ་བྱེད་དགོས། ཀྲུང་གོས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་ངེས་ཡིན་ལ། ཨ་རིའི་ཁེ་ལས་ཀྱང་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་ནང་གཏིང་ཟབ་ཞུགས་བཞིན་ཡོད་པས། ཨ་རིས་ཀྲུང་གོ་དང་གཉིས་ཁེ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན།
ཞི་ཅིན་ཕིང་གིས་གསུངས་དོན། ཕྱོགས་གཉིས་པོས་ང་ཚོའི་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ཏེ་ཆབ་སྲིད་ཀྱི་ཕྱི་འབྲེལ་དང་དམག་དཔུང་གཉིས་དབར་གྱི་འབྲེལ་གཏུག་ཐབས་ལམ་སྔར་བས་ཡག་པོ་སྤྱོད་དགོས། དཔལ་འབྱོར་ཚོང་དོན་དང་། འཕྲོད་བསྟེན། ཞིང་ལས། ཡུལ་སྐོར། མི་ཆོས་རིག་གནས། ཁྲིམས་སྒྱུར་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་རྒྱ་སྐྱེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཐའེ་དབན་གྱི་གནད་དོན་ནི་ཀྲུང་ཨའི་འབྲེལ་བའི་ཁྲོད་ཀྱི་གནད་དོན་གལ་ཆེ་ཤོས་ཤིག་རེད། གནད་དོན་དེ་ཐག་གཅོད་ཡག་པོ་བྱུང་ཚེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་རྒྱུན་འཁྱོངས་ཐུབ་པ་དང་། ཐག་གཅོད་ཡག་པོ་མ་བྱུང་ཚེ་རྒྱལ་ཁབ་གཉིས་པོའི་དབར་འགལ་ཟླ་ཐོན་སྲིད་པ་དང་ཐ་ན་གདོང་གཏུག་བྱུང་ནས་ཀྲུང་ཨའི་འབྲེལ་བ་ཡང་ཉེན་ཁ་ཧ་ཅང་ཆེ་བའི་གནས་སུ་གྱར་སྲིད།“ཐའེ་དབན་རང་བཙན”དང་ཐའེ་དབན་མཚོ་འགག་གི་ཞི་བདེ་ནི་མཐུན་ཐབས་བྲལ་བ་ཞིག་རེད། ཐའེ་དབན་མཚོ་འགག་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ནི་ཀྲུང་ཨ་ཕྱོགས་གཉིས་པོའི་མཐུན་ཆ་ཆེ་ཤོས་ཡིན་པས། ཨ་རི་ཕྱོགས་ཀྱིས་ཐའེ་དབན་གྱི་གནད་དོན་ཐག་གཅོད་བྱེད་པར་ཡང་ནས་བསྐྱར་དུ་གཟབ་གཟབ་གསིག་གསིག་བྱེད་དགོས།
ཐེ་རོན་ཕུ་ཡིས་གསུངས་དོན། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་རྒྱུ་བྱུང་བ་ནི་ངའི་གཟི་བརྗིད་ཡིན། ཨ་ཀྲུང་འབྲེལ་བ་ཧ་ཅང་ཡག་པོ་ཡོད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷན་དུ་ལོ་རྒྱུས་ཐོག་གི་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་གྱི་འབྲེལ་བ་ཡུན་རིང་ཤོས་དང་ཟབ་ཤོས་བཙུགས་ནས་མཛའ་གྲོགས་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ཏེ་གནད་དོན་གལ་ཆེན་མང་པོ་ཞིག་ཐག་གཅོད་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ནི་རླབས་ཆེན་གྱི་འགོ་ཁྲིད་པ་དང་ཀྲུང་གོ་ནི་རླབས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པས་ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོའི་མི་དམངས་ལ་བརྩི་འཇོག་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། དེ་རིང་གི་ཞལ་འཛོམས་ནི་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་ཞལ་འཛོམས་གལ་ཆེན་ཞིག་རེད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་འབྲེལ་མཐུད་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། མི་མཐུན་པའི་ཆ་ཐག་གཅོད་ཡག་པོ་བྱེད་པ། ལོ་རྒྱུས་ཐོག་གི་ཨ་ཀྲུང་འབྲེལ་བ་ཡག་ཤོས་གཏོད་པ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་འདོད་ཡོད། ཨ་ཀྲུང་རྒྱལ་ཁབ་གཉིས་པོ་ནི་འཛམ་གླིང་ཐོག་གི་གལ་ཆེ་ཤོས་དང་སྟོབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཡིན་ལ། ཨ་ཀྲུང་དབར་མཉམ་ལས་བྱས་ཚེ་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་ལ་དོན་ཆེན་དང་བྱ་བཟང་མང་པོ་སྒྲུབ་ཐུབ། ད་ཐེངས་ཀྱི་འཚམས་འདྲིར་ངས་ཨ་རིའི་བཟོ་ཚོང་ལས་རིགས་ཀྱི་ཕུལ་བྱུང་འཐུས་མི་མཉམ་དུ་ཁྲིད་ཡོད། ཁོང་ཚོ་ཚང་མས་ཀྲུང་གོར་བརྩི་འཇོག་དང་མཐོང་ཆེན་བྱེད་ཀྱི་ཡོད་ལ། ངས་ཀྱང་ཁོང་ཚོར་ཀྲུང་གོ་དང་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་རྒྱུའི་ལྕག་སྐུལ་ཧུར་ཐག་བྱེད་ཀྱི་ཡོད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་དབུས་ཤར་ས་ཁུལ་གྱི་དུས་བབ་དང་། ཡུག་རེན་གྱི་ཉམས་ཉེན། ཁྲའོ་ཞན་ཕྱེད་གླིང་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་དང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཚོགས་ཡག་པོ་གཉེར་རྒྱུར་ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད།
གྲོས་མོལ་གནང་རིང་། ཐེ་རོན་ཕུ་ཡིས་ཞི་ཅིན་ཕིང་ལ་མཉམ་དུ་འཚམས་འདྲིར་ཡོང་བའི་ཁེ་ལས་མཁས་ཅན་རེ་རེ་བཞིན་ངོ་སྤྲོད་གནང་བ་རེད།
གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་དུ་ཐེ་རོན་ཕུར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།
ཐེ་རོན་ཕུ་འབྱོར་སྐབས་གུས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་ཤིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུར་ཕེབས་པ་དང་དམག་མིའི་རོལ་ཆ་ཚོགས་པས་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་དང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་པ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཐེ་རོན་ཕུ་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་འབྲེལ་དམག་རིམ་རྣམ་འབྱེད་ཀྱི་རུ་སྟར་ལའང་གཟིགས་པ་རེད།
ཚའེ་ཆི་དང་། ཝང་དབྱི། ཧོ་ལི་ཧྥུང་བཅས་གྲོས་མོལ་ལ་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།