← 返回首页
སྐྱེ་ཁམས་ཡུལ་ལྗོངས་ལྟ་ན་སྡུག ཡུལ་སྐོར་གསོན་ཤུགས་རབ་ཏུ་འཕེལ།
  • སྐྱེ་ཁམས་ཡུལ་ལྗོངས་ལྟ་ན་སྡུག ཡུལ་སྐོར་གསོན་ཤུགས་རབ་ཏུ་འཕེལ།

    ——ཉིང་ཁྲི་གྲོང་ཁྱེར་བྲག་གསུམ་མཚོས་ས་མཐོའི་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་རྣམ་པ་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-15

    ཁྱད་དུ་འཕགས་པའི་ས་མཐོའི་མཛེས་ལྗོངས་ལ་བརྟེན་ནས་འདི་ལོའི“ལྔ་གཅིག”ངལ་གསོའི་རིང་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་དུ་གནས་པའི་རྒྱལ་ཁབ་ཀྱི་5Aརིམ་པའི་མཛེས་ལྗོངས་ཁུལ་བྲག་གསུམ་མཚོ་དེ་ཉིད་རྒྱལ་ཡོངས་ཀྱི་ཡུལ་སྐོར་བས་དགའ་པོ་བྱེད་སའི་མཛེས་ལྗོངས་ཁུལ་ཞིག་ཏུ་གྱུར་པ་དང་ཡུལ་སྐོར་བ་མང་དུ་ཤུགས་ཆེན་ཕྱིན་ནས། མཛེས་ལྗོངས་ཁུལ་གྱིས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་ཁྲི་1.6ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་25.7%འཕར་བ་དང་། སྒོ་འཛིན་དང་། སྤྲོ་གསེང་རླངས་འཁོར། ཡུལ་སྐོར་གྲུ་གཟིངས་སོགས་གཉེར་སྐྱོང་གྲངས་གཞི་ཁག་གིས་ཟིན་ཐོ་གསར་པ་བཏོད་ཡོད།

    བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་གྱི་མཚོ་དཀྱིལ་གླིང་ཕྲན་དུ་ལེའོ་ཉིང་ནས་ཡོང་བའི་ཡུལ་སྐོར་བ་ཏིང་ལགས་ཀྱིས་གནས་འདི་ནི“མི་ཡུལ་གྱི་དག་ཞིང་རེད”ཅེས་བསྔཌ་བརྗོད་བྱས་པ་དང་། ཧུའུ་ནན་གྱི་ཡུལ་སྐོར་བ་ཨ་ཅག་ཧོང་ལགས་བཟའ་ཚོས་མཛེས་ལྗོངས་དེ་མཐོང་བ་ཙམ་གྱིས་བརྗེད་དཀའ་བ་ཞིག་འདུག་ཅེས་མྱོང་ཚོར་ཟབ་མོས་བཤད། ཡུན་ནན་གྱི་ཡུལ་སྐོར་བ་ཀྲོའུ་ལགས་ཀྱིས་མཛེས་ལྗོངས་ལ་པར་བརྒྱབ་ནས་རང་གི་དགའ་ཉེ་སྤུན་མཆེད་ཚོར་མཉམ་སྤྱོད་བྱེད་བཞིན་ཡོད།

    ཀོང་ཏུང་གི་ཡུལ་སྐོར་བ་ཝང་ལགས་ཀྱིས“མ་གཞི་ངལ་གསོའི་སྐབས་མི་ཚོགས་ཀྱི་འཚང་ཁ་ཡོད་ངེས་རེད་སྙམ་བྱུང་། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་འདིར་འཚང་ཁ་ཆུང་ལ་སྒྲིག་ལམ་ཡང་ཧ་ཅང་ཡག་པོ་ཡོད་པས། ཚང་མས་མཛེས་ལྗོངས་མྱོང་རོལ་ཐུབ་ཀྱི་འདུག”ཅེས་འཛུམ་བཞིན་དུ་བཤད།

    ཡུལ་སྐོར་བས་བསྔགས་བརྗོད་ཐོབ་པ་དེ་ཀོང་པོ་རྒྱ་མདའ་རྫོང་གི་འབྲེལ་ཡོད་སྡེ་ཚན་ཁག་གིས་མཉམ་ལས་དམ་ཟབ་བྱས་པ་དང་མཛེས་ལྗོངས་ཁུལ་གྱི་ལས་དོན་པ་ཡོངས་ཀྱིས་བརྟན་སྲུང་དང་འགན་འཁྲི་འཁུར་བ་དང་ཁ་འབྲལ་ཐབས་མེད། ངལ་གསོའི་སྔ་ནུབ་ཏུ་མཛེས་ལྗོངས་ཁུལ་ཏང་ཀྲི་པུའུ་ཡིས་སྔོན་ཚུད་ནས་ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་ནས། ལས་དོན་གྱི་བཀོད་སྒྲིག་ཚོགས་འདུ་འཚོགས་ཏེ་བདེ་འཇགས་དོ་དམ་དང་། ཞབས་ཞུ་འགན་ལེན། འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་ལས་དོན་ཁག་བགོས་ཞིབ་ཚགས་དང་མི་ཐོག་ཏུ་འཁྱོལ་བར་བྱས་ནས“ཀྲི་པུའུ་ཡིས་སྣེ་ཁྲིད་དང་། ཏང་ཡོན་གྱིས་སྣེ་ཁྲིད། ལས་མི་ཡོངས་ཞུགས་པ”བཅས་ཀྱི་ལས་དོན་སྒྲུབ་སྟངས་ཤིག་བཏོད་ཡོད།

    ཡུལ་སྐོར་བའི་ཡུལ་སྐོར་ཉམས་ལེན་ལེགས་སུ་གཏོང་ཆེད། མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བའི་ཕྱིར་སྐྱོད་དགོས་མཁོར་གཞི་ཚུགས་ཏེ་ཞག་སྡོད་རླངས་འཁོར་ཐོ་འགོད་དང་། མཛེས་ལྗོངས་ཁུལ་གྱི་བློ་འདྲི་ཁྲིད་སྟོན། ཁུལ་ཁོངས་སྐོར་གཡེང་དང་སྔོན་འགོག་ཚོད་འཛིན། འཕྲལ་སྡོམ་རོགས་སྐྱོབ་ཐག་གཅོད། ཡུལ་སྐོར་བའི་ཞུ་གཏུག་བདག་སྤྲོད་བཅས་ཚུད་པའི་གཞི་གཅིག་ཅན་གྱི་ཞབས་ཞུའི་མ་ལག་ཅིག་བཏོད་ནས། ཞབས་ཞུའི་སྐར་ཁུང་མང་དུ་གཏོང་བ་དང་། འགྲོ་ལམ་བཤངས་ཏེ་རྒྱ་ཆེར་གཏོང་བ། མི་ཚོགས་དོ་དམ་ཚོད་འཛིན་གྱི་བརྒྱུད་རིམ་ལེགས་སུ་གཏོང་བ་བཅས་བྱས་པ་བརྒྱུད། ཡུལ་སྐོར་བྱ་ཡུལ་མི་འདྲ་བའི་ཡུལ་སྐོར་བས་ལམ་བུ་མི་འདྲ་བ་ནས་མཛེས་ལྗོངས་ཁུལ་དུ་སྐྱོད་པར་ཁྲིད་སྟོན་གྱིས་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་སྒྲིག་ལམ་བདེ་འཇཌ་དང་གོ་རིམ་ལྡན་པའི་འགན་ལེན་བྱས་ཡོད།

    སེམས་རྩ་འཁོལ་བའི་ཞབས་ཞུ་ཕུད། སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད།

    བྲག་གསུམ་མཚོ་མཛེས་ལྗོངས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་བཞག་ནས“སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་འཇོག་པ་དང་གསར་སྤེལ་བེད་སྤྱོད་སྲུང་སྐྱོང་ལ་བསྟུན་པའི”རྩ་དོན་བརྟན་སྲུང་གིས་སྐྱེ་ཁམས་ཀྱི་དམར་ཐིག་དེ་བརྒལ་མི་རུང་བའི“སྲོག་རྩར”བརྩི་བཞིན་ཡོད། མཛེས་ལྗོངས་ཁུལ་གསར་སྤེལ་འཛུགས་སྐྲུན་ཐད“རང་བྱུང་ཁམས་ལ་གནོད་འཚེ་ཕོག་ཚབས་ཆུང་ཤོས”ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས། བཤིག་སྐྲུན་ཆེན་པོ་དང་རྨོངས་ཚོད་རྒྱ་སྐྱེད་མི་བྱེད་པ་དང་། ཁོར་ཡུག་གདེང་འཇོག་ཚད་གཞི་མ་ལོན་པའི་རྣམ་གྲངས་དོན་འཁྱོལ་གཏན་ནས་མི་བྱེད་པར་སྐྱེ་ཁམས་ཀྱིས་ཐེག་ཐུབ་པའི་ཁྱབ་ཁོངས་སུ་གསར་སྤེལ་ཐུབ་པའི་འགན་ལེན་བྱས་ཡོད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར“སྐྱེ་ཁམས་མཛའ་མཐུན”གྱི་འདུ་ཤེས་ཁྱབ་པར་བྱས་ནས། རི་གཤམ་ཏུ་ཡུལ་སྐོར་རྐང་ཐང་ལམ་བསྐྲུན་པ་དང་། སྔོ་ཁེབས་སྟུག་ས་ལས་གཡོལ་བ། ཆུ་སིམ་ལམ་ངོས་སྤྱད་དེ་སྦགས་བཙོག་ཉུང་དུ་གཏོང་བ་བཅས་བྱེད་པ་དང་། ཡུལ་སྐོར་གསང་སྤྱོད་ཚང་མ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་རྣམ་པ་ཡིན་པ་དང་གནོད་མེད་ཅན་གྱི་གཙང་སེལ་སྒྲིག་ཆས་སྒྲིག་སྦྱོར་བྱས་ནས་མཛེས་ལྗོངས་ཁུལ་གྱི་སྔོ་ལྗང་སྲུང་སྐྱོང་ནན་ཏན་བྱེད་པ། ལོ་རེར“རྩ་ཆེའི་ཉ་རིགས་སྲུང་སྐྱོང་བྱས་ནས་སྐྱེ་ཁམས་ཀྱི་འཆར་གཞི་མཉམ་དུ་འགོད་པའི”ཆེད་དོན་བྱ་སྤྱོད་སྤེལ་ཏེ་རང་དགར་ཚེ་ཐར་གཏོང་བའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་སྐྱེ་ཁམས་སྲུང་སྐྱོང་གི་སྲུང་བཅད་བརྟན་དུ་བཏང་ཡོད།

    ཡུལ་སྐོར་གྱི་ཚ་རླབས་འཕྱུར་བ་དང་ཆབས་ཅིག ས་གནས་ཀྱི་ལས་རྣམ་འཕེལ་རྒྱས་ལའང་སྐུལ་ཁྲིད་ནུས་ལྡན་ཐེབས་ནས། མཚོ་མགོ་ཤང་བྱེ་པ་གྲོང་ཚོའི་དམངས་སྲོལ་གནས་ཚང་ལ་ཡུལ་སྐོར་བས་ཁེངས་པ་དང་ཡུལ་སྐོར་དྲན་རྟེན་དངོས་པོ་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད།

    “ལྔ་གཅིག”རིང་། བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བས་ཁེངས་ནས་གང་སར་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱས། སེམས་རྩ་འཁོལ་བའི་ཞབས་ཞུར་ཡུལ་སྐོར་བ་ཚོའི་བསྔགས་བརྗོད་ཐོབ་པ་དང་དངོས་སྒྲུབ་ཀྱི་བྱེད་ཐབས་ལས་སྐྱེ་ཁམས་ཀྱི་རྨང་གཞི་བསྲུངས་ཡོད། འབྱུང་འགྱུར་བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་གྱིས་སྐྱེ་ཁམས་ཀྱི་མཐའ་ཚད་མུ་མཐུད་བརྟན་སྲུང་བྱས་ནས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་གྲོང་གསེབ་ཀྱི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཏེ། གངས་ལྗོངས་ས་མཐོའི་སྔོ་ལྗང་མཛེས་ལྗོངས་དེས་སྐྱེ་ཁམས་ཀྱི་མཛེས་པ་མངོན་པ་མ་ཟད། ད་དུང་རིག་གནས་དང་ཡུལ་སྐོར་གྱི་ཉམས་འགྱུར་བཟང་པོ་དང་དམངས་འཚོའི་མི་སེམས་དྲོ་བའི་བྱ་བ་དངོས་ཀྱང་མཚོན་པར་བྱས་ནས། ཉིང་ཁྲིའི་རིག་གནས་དང་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལྗང་མདོག་གི་སྒུལ་ཤུགས་བསྣན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།