← 返回首页
ལྗང་མདོག་སྐྱེ་ཁམས་ཀྱི་ཁོར་ཡུག་གཏོད་པ།
  • བོད་ལྗོངས་རྩྭ་མདའ་རུ།

    ལྗང་མདོག་སྐྱེ་ཁམས་ཀྱི་ཁོར་ཡུག་གཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-15

    དབྱར་ཟླ་5པའི་མངའ་རིས་སུ་གླང་ཆེན་ཁ་འབབ་ཀྱི་ཆུ་བོ་རྒྱས་འགོ་ཚུགས་ནས་མུ་མཐའ་མེད་པའི་རྩྭ་མདའི་བྲུ་རོང་ནས་ཀྱག་ཀྱོག་ངང་རྒྱུག་བཞིན་ཡོད་པ་དང་། གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་འདབས་སུ་ཐགས་སུ་བཀྲ་བའི་གླ་ཚེར་དང་སྦྱར་པ་མང་པོ་རླུང་བུའི་ཁྲོད་དུ་ཀྲོང་ངེར་འཚར་ནས་ཡོད་པས། གནའ་བོའི་ས་གཞི་ཡངས་པོ་འདིར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བཞིན་མཆིས།

    རྩྭ་མདའ་རྫོང་གྲོང་ནས་གླང་ཆེན་ཁ་འབབ་ཀྱི་ལུང་གཞུང་བརྒྱུད་དེ་སོང་བ་ན་མཐོ་ལྡིང་གྲོང་རྡལ་སྤུ་གླིང་གྲོང་ཚོར་སླེབས་ཤིང་། ལམ་བར་དུ་སྦྱར་པའི་ཚལ་གྱིས་བསྐོར་ནས་སྔོ་ལྗང་གི་རྣམ་པས་ཁེངས་པ་དང་། གཙང་ཞིང་གྲལ་སྟར་འགྲིག་པའི་ཡུལ་མིའི་སྡོད་ཁང་སྔོ་ལྗང་ལྗོན་ཤིང་གི་གསེབ་ཏུ་གནས་པས། རྣམ་པ་འདི་ནི་སྐྱེ་ཁམས་འཚོ་སྡོད་རུང་བའི་གྲོང་གསེབ་ཀྱི་རི་མོ་ཞིག་དང་གཉིས་སུ་མ་མཆིས། “དེ་སྔོན་ང་ཚོའི་གྲོང་ཚོ་སྐྱ་ཐེར་ཐེར་ཞིག་ཡོད། གང་ནས་བལྟས་ཀྱང་ས་ཕག་གི་ཁང་པ་དང་བྱེ་རྡོའི་ལམ་རེད། ཆར་པ་འབབ་སྐབས་འདམ་རྫབ་ཀྱིས་ཁེངས་པ་དང་། ལྷགས་པ་རྒྱག་དུས་ཐལ་བས་སྒྲིབ་ཀྱི་ཡོད། ད་ཆ་ལམ་བུ་རྒྱ་ཆེ་རུ་ཕྱིན་པ་དང་ལྗོན་ཤིང་ཆེན་པོ་ཆགས་ནས་གྲོང་ཚོའི་རྣམ་པ་ཇེ་ཡག་ཏུ་འགྲོ་བཞིན་འདུག་ལ། མང་ཚོགས་ཀྱི་འཚོ་བའང་ཇེ་ལེགས་སུ་འགྲོ་བཞིན་འདུག”ཅེས་མཐོ་ལྡིང་གྲོང་རྡལ་སྤུ་གླིང་གྲོང་ཚོའི་ཡུལ་མི་བཀྲ་ཤིས་ཀྱིས་དགོད་འཚེར་འཚེར་ངང་བཤད།

    འདི་ནི་རྩྭ་མདའ་རྫོང་གིས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་བཏང་བའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་རེད།

    ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གིས“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི”འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་དེ་སྐྱེ་ཁམས་སླར་གསོ་དང་། རླུང་འགོག་བྱེ་འཇགས། སྡོད་མལ་ཁོར་ཡུག་བཅོས་སྒྲིག གྲོང་གསེབ་དར་རྒྱས་བཅས་དང་ཟུང་འབྲེལ་ནུས་ལྡན་བྱས་ཤིང་། 2025ལོར། རྩྭ་མདའ་རྫོང་གིས་མ་དངུལ་སྒོར་ཁྲི་5038.39བཏང་ནས་གླ་ཚེར་གྱི་དཔེ་སྟོན་འདེབས་འཛུགས་དང་། གླང་ཆེན་ཁ་འབབ་ཀྱི་བྱང་ངོགས་སུ་ཤིང་འཛུགས་ནགས་བཟོ། འོས་འགན་ཤིང་འཛུགས་ནགས་བཟོ་སོགས་རྣམ་གྲངས་11ལ་གཙོ་གནད་ཐོག་སྐུལ་འདེད་བཏང་སྟེ། ས་ཆ་མུའུ་1286ལ་སྔོ་འགྱུར་བྱེད་པའི་ལས་འགན་ལེགས་པར་བསྒྲུབས་ཡོད། དེ་དང་དུས་མཚུངས་རྩྭ་ཐང་གི་སྐྱེ་ཁམས་སླར་གསོའི་ལས་དོན་སྤེལ་ཏེ། སྣ་མང་ཅན་གྱི་རྩྭ་རྩི་ཤིང་འདེབས་པར་བརྟེན་ནས་ཁུལ་ཁོངས་སྐྱེ་ཁམས་ཀྱི་མ་ལག་བརྟན་དུ་དང་སྐྱེ་དངོས་ཀྱི་སྣ་ཁ་མང་དུ་བཏང་སྟེ་བྱེ་རླུང་གི་གནོད་འཚེ་ནུས་ལྡན་བསལ་བ་དང་། ཐང་རྒོད་ས་ཆར་རིམ་བཞིན་སྔོ་ལྗང་གོས་བཟང་བཀླུབས་ཡོད།

    ལྗོན་ཤིང་བཏབ་ཚད་སྐྱེ་མཚར་ཡག་པོ་ཡོང་ཆེད། རྩྭ་མདའ་རྫོང་གིས“སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་ཞུགས་པའི”སྣ་མང་ཅན་གྱི་སྔོ་འགྱུར་རྣམ་པ་ཞིག་བཏོད་པ་དང་། ཕྱོགས་གསུམ་པའི་ཆེད་ལས་གཡོག་བྱེད་བྱེད་མཁན་ཁེ་ལས་ནང་འདྲེན་གྱིས་རྒྱུན་རྣམ་ཅན་གྱི་གཡོག་བྱེད་བྱས་པ་མ་ཟད། ཆེད་ལས་མི་སྣ་བཏང་བ་དང་ཆེད་ལས་སྒྲིག་ཆས་སྤྲད་དེ། ཆུ་གཏོང་བ་དང་། ལུད་རྒྱག་པ། ཡལ་བཞུར་རྒྱག་པ། ནད་འབུའི་གནོད་འཚེ་འགོག་བཅོས་སོགས་ཀྱི་ལས་ཀ་ལེགས་པར་བསྒྲུབས་པ་དང་། ལྕང་སོན་འདེམས་པ་དང་འདེབས་པ་ནས་ཆུ་གཏོང་བ་སོགས་བརྒྱུད་རིམ་ཧྲིལ་པོར་གཡོག་བྱེད་ཞིབ་ཚགས་བྱས་པ་བརྒྱུད། རྫོང་ཡོངས་ཀྱི་ལྕང་སོན་གསོན་ཚད་85%ཡན་ཟིན་ནས། “ལྗོན་ཤིང་བཏབ་ཚད་སྐྱེས་པ་དང་སྐྱེས་ནས་ཤིང་ནགས་ཆགས་པར་བྱེད་པའི”དམིགས་ཚད་མངོན་འགྱུར་བྱས་ཏེ་སྔོ་འགྱུར་ལ་བཏང་བའི་གཏོང་ཆ་ཚང་མ་མཐོང་ཐུབ་པ་དང་ཚོར་ཐུབ་པའི་ལྗང་མདོག་སྐྱེ་ཁམས་ཀྱི་འབྲས་བུར་བསྒྱུར་ཡོད་པ་རེད།

    ད་ཆ་རྩྭ་མདའི་གཞུང་ལམ་གྱི་གཡས་གཡོན་དུ་ལྗོན་ཤིང་གིས་ཁེངས་པ་དང་གླང་ཆེན་ཁ་འབབ་ངོགས་གཉིས་སུ་གླ་ཚེར་གྱི་ཚལ་ནི་དེ་བས་བཀྲག་མདངས་འཚེར་བའི་སྐྱེ་ཁམས་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད་ལ། སྐྱེ་ཁམས་མཛེས་པ་དང་། བོད་ཀྱི་ཁྱད་ཆོས་ལྡན་པ། དེང་རབས་ཀྱི་སྤྲོ་གསེང་བཅས་ཟུང་དུ་འབྲེལ་བའི་ཞང་ཞུང་སྤྱི་གླིང་དང་ཁྲིམས་སྐྱོང་རིག་གནས་སྤྱི་གླིང་ནི་རི་མོ་ཞིག་དང་འདྲ་བར་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡོད།

    སྐྱེ་ཁམས་མཛེས་སུ་ཕྱིན་པས་མི་སེར་རྣམས་དེ་བས་ཕྱུག་པོར་འགྱུར་བར་བྱེད་དགོས། ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་རྩྭ་མདའ་རྫོང་གིས་གླ་ཚེར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ“ཁེ་ལས་དང་། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”འཕེལ་རྒྱས་གཏོང་སྟངས་ལ་བརྟེན་ནས། གླ་ཚེར་གྱི་བཏུང་བྱ་དང་གླ་ཚེར་གྱི་ཨ་རག་སོགས་ཐོན་རྫས་གསར་སྤེལ་གྱིས་ནགས་བཟོ་སྔོ་འགྱུར་ལ་སྐུལ་འདེད་བཏང་བ་མ་ཟད། མང་ཚོགས་འབབ་འཕར་ཡོང་བར་སྐུལ་ཁྲིད་ཀྱང་བྱས་ཡོད། “ང་ཚོས་འདི་གར་མང་ཤོས་གླ་ཚེར་འདེབས་ཀྱི་ཡོད། དེས་ཁོར་ཡུག་མཛེས་སུ་གཏོང་ཐུབ་པ་མ་ཟད། སྟར་བུ་སྨིན་རྗེས་བཏོགས་ནས་ལས་སྣོན་བཟོ་གྲྭར་བསྐྱལ་ན་ཡོང་འབབ་ཀྱང་མང་དུ་འགྲོ་གི་འདུག”ཅེས་རྩྭ་མདའ་རྫོང་མཐོ་ལྡིང་གྲོང་རྡལ་མཐོ་ལྡིང་གྲོང་ཚོའི་ཡུལ་མི་སྒྲོལ་མས་འཛུམ་དམུལ་དམུལ་ངང་བཤད།

    ཐང་རྒོད་སྔོ་ལྗང་གིས་ཁེབས་ཤིང་གླ་ཚེར་འབབ་ཁུངས་སུ་གྱུར་ཞིང་། འདི་གར་སྐྱེ་ཁམས་མཛེས་པ་དང་མི་སེར་ཕྱུག་པོ་ཆགས་པའི་གོམ་སྟབས་གཅིག་མཚུངས་སུ་གྱུར་ཡོད། རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་སྦྲགས། རྩྭ་མདའ་རྫོང་གི་སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་། སྔོ་ལྗང་ཁེབས་རྒྱ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། སྐྱེ་ཁམས་ཀྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། དམངས་འཚོའི་ཕན་འབྲས་བཅས་དུས་གཅིག་ཏུ་མངོན་ཏེ། སྐྱེ་ཁམས་མཛེས་པ་དང་། གནས་འཕྲོད་ལས་འཚམ། མཐའ་མཚམས་བརྟན་པ་བཅས་ཀྱི་སྔོ་ལྗང་རི་མོ་ཞིག་འདྲེན་བྱེད་ཡུལ་དུ་དལ་གྱིས་མངོན་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།